| / Buddhism / Practice Lineages |
History of Eight Great Chariots of the Practice Lineage
ཞི་བྱེད། Zhijed
༄༅། །དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་རིང་ལུགས་བཤད་པ་ལ་གཉིས། དངོས་དང་། དེའི་ཡན་ལག་བཤད་པའོ། །དང་པོ་ལ་གཉིས། བཀའ་སྲོལ་ངོས་བཟུང་བ། བརྒྱུད་པ་སོ་སོའི་ཚུལ་སྨོས་པའོ། །དང་པོ་ནི།
གྲུབ་ཐོབ་ང་བཞི་མཁའ་སྤྱོད་སོ་དྲུག་གི །བཅུ་བརྙེད་དམ་པ་བོད་དུ་ལན་ལྔར་ཕེབ། །
རྣམ་ཐར་ཚུལ་མཐུན་འགྲོ་མང་བསྒྲལ་མཛད་པའི། །
རྗེ་བཙུན་ཀ་མ་ལ་ཤཱི་ལས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བརྟེན། བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་བར་གཤེགས་པ་བཅུ་གཉིས་སོགས་སངས་རྒྱས་གནམ་གྱི་སྐར་མ་ཙམ་དང་ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་ཞལ་གཟིགས་ཏེ། བྱིན་རླབས་དང་གདམས་པའི་བཅུད་བརྙེས་ནས་མཆོག་གི་དངོས་གྲུབ་ཐོབ། བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་དུ་ལན་ལྔར་ཕེབས་ཏེ། དང་པོ་འབྲིང་ཐང་ལས་སྒོ་ནས་ཙཱ་རིར་ཐོན། མདོ་ཁམས་ཀུན་ཞབས་ཀྱིས་བཅགས་ཏེ་བསྟན་པ་དར་བར་ལུང་བསྟན། གཉིས་པར་ཁ་ཆེ་ནས་ཐོན་ཏེ་མངའ་རིས་སུ་བྱོན། ཞང་ཞུང་གླིང་ཁ་བ་དང་བོན་པོ་ཁྲོ་ཚང་འབྲུག་ལྷ་རྗེས་སུ་བཟུང་། གསུམ་པར་བལ་པོ་ནས་གཙང་དུ་བྱོན། ཡར་ཀླུང་སྨ་ར་སེར་པོ་དང་། སྐྱོ་སྟོན་བསོད་ནམས་བླ་མ་ལ་གདམས་པ་གནང་། བཞི་པར་ཤ་འུག་ལྟག་སྒོ་ནས་གཉལ་དུ་བྱོན་ཏེ་ཡུམ་གྱི་སྒྲིབ་པ་སྦྱངས། དབུས་སུ་རྨ་སོ་ཀཾ་གསུམ་གྱི་དོན་མཛད། ལྔ་པ་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས་ཏེ་སླར་དིང་རིར་ཕེབས། དེ་དག་གི་སྐབས་སུ་གང་ཟག་སོ་སོའི་ཁམས་དང་དབང་པོ་ཇི་བཞིན་དུ་གཟིགས་པས་དེ་དག་དང་མཐུན་པའི་གདམས་ངག་སྣ་རེས་གྲོལ་བར་མཛད་པས་གཞུང་དང་ལུགས་སྲོལ་མཐའ་གཅིག་ཏུ་རྣམ་པར་བཞག་པ་མེད་ཀྱང་གཙོ་བོར་གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དང་། ཕྱག་རྒྱ་ཆེན་པོའི་བརྡའི་རྒྱུད་སོགས་ལ་བརྟེན། ཐབས་ཉིད་ཀྱི་རྣམ་པར་ཐར་པ། རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང་། འབྲས་བུ་གཞན་དོན་སྤྱོད་པ་གསུམ་དང་ཚུལ་མཐུན་པར་ལས་ཅན་གནམ་གྱི་སྐར་མའི་གྲངས་ལྟ་བུའི་འགྲོ་བ་མང་པོ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་པའི་ཆོས་དེ་ལ་སྤྱི་མིང་སྒེར་དུ་ཆགས་ཏེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་ཡོངས་སུ་གྲགས་སོ། །དེའང་ཆོས་གཞན་ནི་རྒྱུ་ཉོན་མོངས་པ་སྔོན་དུ་སྦྱོང་། སྡུག་བསྔལ་ཤུགས་ལས་ཟློག་པ་ཡིན་ལ། འདིར་ནི་འབྲས་བུ་སྡུག་བསྔལ་དངོས་སུ་སྦྱོང་། ཤུགས་ལས་ཉོན་མོངས་པ་དྲུངས་འབྱིན་པའི་ཐབས་ཤིན་ཏུ་ཟབ་པ་སྟེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པའི་ལུང་ལ་བརྟེན་ནས་བཏགས་པར་བཞེད་དོ། །
གཉིས་པ་ལ་བཞི། བརྒྱུད་པ་དང་པོ། བར་པ། ཐ་མ། འཕྲོས་དོན་བཤད་པའོ། །དང་པོ་ནི།
སྔ་ཕྱི་བར་གསུམ་བསྟན་ལས་དང་པོ་ནི། །ཁ་ཆེ་ཨང་ལོ།
ཞེས་པ་སྟེ་བཤད་མ་ཐག་པའི་ཞི་བྱེད་ཀྱི་བརྒྱུད་པ་ཡོངས་སུ་གྲགས་པ་ནི་སྔ་ཕྱི་བར་གསུམ་དུ་བསྟན་པར་གྲགས་པ་ལས། དང་པོ་ནི། དམ་པས་ཁ་ཆེ་ཛྙྱཱ་ན་གུ་་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་རྣམ་བཤད། དེ་གཉིས་ཀས་ཨང་པོ་ལོ་ཙཱ་བ་ལ་བཤད། ཡང་ཁ་ཆེས་པུ་སྲང་ལོ་ཆུང་ལ་བཤད། ཁ་ཆེ་ཨང་ལོ་གཉིས་ཀའི་བརྒྱུད་པ་རོག་ཤེས་རབ་འོད་ལ་བབས་སོ། །གཉིས་པ་ནི། བབ་པ་རྨ་སོ་ཀཾ། །བརྒྱུད་ཕྲན་ལུགས་གསུམ་འཐོར་བུ་སྣ་ཚོགས་བཅས། །བརྒྱུད་པ་བར་པ་གཙོ་བོ་རྨ་སོ་ཀཾ་གསུམ་དུ་གྲགས་པ་སྟེ། རྨ་ཆོས་ཀྱི་ཤེས་རབ་ལ་ཚིག་བརྒྱུད་སེམས་བསྐྱེད་གཏང་ཐུན་ཁ་འཐོར་ཁར་ཕོག་སྣར་ཕོག །དོན་བརྒྱུད་ལག་ཁྲིད་བཅུ་དྲུག་རྣམས་གནང་། སོ་ཆུང་དགེ་འདུན་འབར་ལ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་སོགས་གནང་བའི་ཆོས་ཀྱི་སྒོ་གྲངས་ཚིག་བརྒྱུད་དོན་བརྒྱུད་གཉིས། ཚིག་བརྒྱུད་ལ་བརྒྱུད་པ་ཆེན་པོ་ལྔ་བཅུ་རྩ་བཞི་པ། བརྒྱུད་ཕྲན་ཆོས་སྡེ་སུམ་ཅུ་རྩ་གཉིས་ལ་གཉིས། དོན་བརྒྱུད་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བ་གཉིས་ཀྱི་སྔ་མ་ལ། གྲུབ་ཐོབ་ང་བཞི། བླ་མ་སོ་གཉིས། དམ་པ་བཅུ་བདུན་རྣམས་ལས་དོན་བརྒྱུད་རེ་རེ། ཕྱི་མ་ལ་མིག་འབྱེད་མཁའ་འགྲོའི་སྐོར་གཉིས་ཀྱི་སྔ་མ་ལ་བུ་བཞི་མ་ལྔ། ཕྱི་མ་ལ་སོའི་སྐོར་མགོ་ཆེན་མོ་བཞིར་གྲགས་པ། དེ་རྣམས་ཀྱི་རྩ་བའི་སྙིང་པོ་ལྟ་བུར་གྱུར་པ་ནི་རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་བརྒྱུད། ཆོས་སྐད་མ་བསྟུན་པ་བརྒྱུད་པ་བཞི་པ་ཡོངས་སུ་མ་གྲགས་པའི་དོན་བརྒྱུད། མ་ཚང་མདོར་བསྡུས། སོའི་རིག་པ་སྲང་འཇུག་སྙན་བརྒྱུད་བཞི་རྣམས་བཞུགས་སོ། །ཀཾ་ཡེ་ཤེས་རྒྱལ་མཚན་ལ་ཤེར་ཕྱིན་གྱི་གདམས་ངག་གནང་། དེ་ལ་ཡས་བརྒྱུད་མས་བརྒྱུད་གཉིས་སུ་བྱུང་བའི་སྔ་མ་ལ་གཞུང་སྐབས་དང་པོ། གདམས་ངག་བདེན་པ་བཞི། ལག་ལེན་ཐོར་བུ་བ་དང་བཅས་པ་བཞུགས། ཕྱི་མ་ནི་གང་ཟག་རིམ་དང་ཅིག་ཆར་གྱི་དབྱེ་བས་སྙིང་པོའི་དོན་དང་མངོན་པར་རྟོགས་པ་གཉིས་སུ་ངོ་སྤྲད་ནས་མདོ་མ་ལུས་པ་རྟེན་འབྲེལ་གྱི་འགྲོས་བཞིས་འཆད་དེ་མས་བརྒྱུད་སྒོམ་ཐོག་ཏུ་སྐོར་བའི་གདམས་པ་ཞེས་གྲགས། བར་དུ་བྱུང་བའི་བརྒྱུད་ཕྲན་ལུགས་གསུམ་ནི། དགེ་བཤེས་གྲྭ་པ་ལ་ཞི་བྱེད་སྒྲོན་མ་དགུ་སྐོར། ལྕེ་ཙནྡྲ་ཀཱིརྟི་ལ་མདོ་སྡུད་པ་དང་མཚན་བརྗོད་སྦྱར་བའི་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ་དང་གྲུབ་ཐོབ་ལྔ་བཅུ་བརྒྱད་ཀྱི་མན་ངག །ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་པ་གནང་བ་དེ་དག་ཐམས་ཅད་ཀྱང་རོག་ཤེས་རབ་འོད་ལ་བབས་སོ། །བརྒྱུད་པ་ཐོར་བུ་ནི་འབྲོ་སྒོམ་ལ་མཚན་བརྗོད་གསེར་གྱི་ཐུར་མ། འབུ་སྒོམ་ལ་ལས་རྒྱའི་གདམས་ངག་ནས། ལབ་སྒྲོན་ལ་གཅོད་ཀྱི་གདམས་པའི་བར་གདམས་ཕྲན་སྣ་ཚོགས་པ་བཅོ་ལྔ་ཙམ་གནང་བར་བཤད་དེ་བརྒྱུད་ཕྲན་ཐོར་བུ་དང་བཅས་པ་རྣམས་ཀྱང་བར་མའི་སྐོར་རོ། །
གསུམ་པ་ནི།
ཕྱི་མ་སྒོ་བའི་རྣལ་འབྱོར་བཞི་ལ་སོགས། །སྨིན་གྲོལ་གདམས་སྲོལ་ནམ་མཁའི་སྐར་མ་ཙམ། །
བརྒྱུད་པ་ཕྱི་མ་ནི་དམ་པ་རྒྱ་ནག་ནས་བོད་དུ་ཕེབས་ནས་དིང་རིར་བཞུགས་པའི་ཚེ་ཞལ་མཐོང་བ་ལ་སྔ་བ་ཅོག་རོ་སྨྱོན་པ་སོགས་འཁྲུལ་ཞིག་ཉི་ཤུ་རྩ་དྲུག །ཞ་མ་ལྕམ་སྲིང་སོགས་ཁྱད་པར་འཕགས་པའི་བུ་ཆེན་བརྒྱ་རྩ་བརྒྱད། ཇོ་མོ་སངས་རྒྱས་སོགས་མ་ཇོ་ཉི་ཤུ་རྩ་བཞི། གདན་ནོན་གྱི་སློབ་མ་བཅུ་གཉིས་ལ་སོགས་པ་བྱུང་བ་ལས་གཙོ་བོར་གྱུར་པ་སྒོ་བའི་རྣལ་འབྱོར་པ་བཞིར་གྲགས་པ་སྟེ། ཤར་ན་དམ་པ་ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར། ལྷོར་བཛྭ་ཀྲོ་དྷས་རིན་ཆེན་དོན་སྡེབ་ཀྱི་སྐོར། ནུབ་ན་ཕྱར་ཆུང་གིས་དུམ་དུམ་ཁྲིད་ཀྱི་སྐོར། བྱང་དུ་བྱང་ཆུབ་སེམས་དཔའ་ཀུན་དགས་བཀའ་ཆོ་ལུའི་སྐོར་རྣམས་བཀའ་བསྡུ་མཛད་ཅིང་ཡི་གེར་བཀོད། གཞན་དག་ལ་གནང་བའི་ཞལ་གདམས་སྣ་རེ་ཡི་གེར་འཁོད་པ་ལ་སོགས་པའི་སྨིན་གྲོལ་གདམས་ངག་གི་རྒྱུན་སྲོལ་ནམ་མཁའི་སྐར་མ་ཙམ་དུ་བྱུང་ངོ་། །
བཞི་པ་ནི།
བར་པ་ངེས་དོན་ཐ་མ་སྔགས་དང་མཐུན། །
དེ་ལ་བརྒྱུད་པ་བར་མ་ནི་གཙོ་བོར་ངེས་དོན་མདོ་སྡེ་རྣམས་དང་མཐུན་ལ། ཐ་མ་ནི་གཙོ་བོར་སྔགས་ཀྱི་ལམ་དང་མཐུན་ཤས་ཆེ་བ་ཡིན་ནོ། །
ཁྱད་འཕགས་ཉིད་དང་དགོངས་མཉམ་ཀུན་དགའི་ལུགས། །ལོ་ཆེན་ཆོས་དཔལ་དྲིན་གྱིས་བྲེང་ཙམ་གནས། །
དེ་དག་ཐམས་ཅད་ལས་སྨིན་གྲོལ་ཆ་ལག་དང་བཅས་པའི་ལམ་ཡོངས་སུ་རྫོགས་པས་ཁྱད་པར་འཕགས་པ་ནི། ང་དང་མཉམ་པ་ཀུན་དགའ་ཙམ། །ཞེས་གསུངས་པ་སྐྱེ་བ་ལྔར་རྗེས་སུ་བཟུང་ཞིང་དམ་པ་ཉིད་དང་དགོངས་པ་མཉམ་པ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་སྲོལ་ཉིད་ཡིན་ཏེ། ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྡེ་གཉིས་ལས། ཐུན་མོང་ལ་མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཏིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པ། དེའི་དང་པོ་ལ་སྤྱི་མདོ་ཆུ་ཀླུང་མངོན་པར་རོལ་པའི་མདོ། སྒོས་མདོ་ཤེས་རབ་སྙིང་པོ་སྤྱི་རྒྱུད་སྡེ་སྣོད་གསལ་བྱེད། སྒོས་བརྒྱུད་ཆུ་ཀླུང་ཆེན་པོ། ཕྱག་ལེན་ནི། དབང་འཁོར་ཆེ་འབྲིང་དང་ལམ་རིམ་ཆེ་ཆུང་གསུམ། བཀའ་བབས་སྙན་བརྒྱུད་ནི། བཀའ་བབས་བཞི། དེའི་ལམ་སློང་སྙན་བརྒྱུད་བཞི། དྲི་མེད་ཕྲ་ཏིག་ནི། དྲི་མེད་ལ་ཆོས་ཟུག་པ་རྩ་བའི་སྐོར་ལ་སོགས་པ་དྲུག །ཕྲ་ཏིག་ནི་པ་ཚབ་ཀྱིས་ཀུན་དགའ་ལ་མ་བདེ་བའི་གེགས་རྣམས་དྲིས་པའི་གདམས་པའོ། །དར་ཚགས་བཤད་འབུམ་ནི་དར་ཚགས་ཞལ་གདམས་བདུད་རྩིའི་སྐོར་ལ་སོགས་པ་བརྒྱད་ཡོད་དེ་པ་ཚབ་ཀྱི་འཕྲལ་གཏམ་སྟེ་ནེས་ཡི་གེར་བཏབ་པའོ། །བཤད་འབུམ་ནི་ཏེ་ནི་དང་ཞིག་པོ་དང་སྙེ་མདོ་བ་ལ་སོགས་པས་མཛད་པའི་བཤད་པ་རྣམས་སོ། །ཐུན་མོང་མ་ཡིན་པའི་ཆོས་སྡེ་ལ་རྒྱུད་སྟོང་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། གསང་མཛོད་གསུམ། ལམ་སྐོར་ལྔ། བེའུ་བུམ་བརྒྱད་རྣམས་བཞུགས་སོ། །དམ་པ་ཀུན་དགས་གདམས་ངག་ཐམས་ཅད་མཁས་བཙུན་པ་ཚབ་སྒོམ་པ། དེས་རྒྱལ་བ་ཏེ་ནེ། དེ་ལ་རོག་བདེ་གཤེགས་ཆེན་པོ་ཤེར་འོད་ཀྱིས་ཞུས་ཤིང་ཞི་བྱེད་ཡོངས་སུ་རྫོགས་པའི་བཀའ་བབས། དེ་ནས་རོག་ཐམས་ཅད་མཁྱེན་པ་སོགས་རིམ་གྱིས་བརྒྱུད་ཅིང་རྒྱ་ཆེར་འཕེལ་བ་ལས་ཕྱི་དུས་ཉག་ཇེ་ཕྲར་གྱུར་པ་ན་རོག་ཐམས་ཅད་མཁྱེན་པའི་བག་ཆགས་སད་པ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་བརྩོན་པ་ཆེན་པོས་སྨིན་གྲོལ་གྱི་རྒྱུན་གསན། དབང་ཁྲིད་ཀྱི་ཡིག་ཆ་བཀླགས་ཆོག་མཛད་ཅིང་འཆད་སྤེལ་གནང་བའི་བཀའ་དྲིན་གྱིས་ད་ལྟའང་བྲེང་མ་ཆད་ཙམ་དུ་གནས་སོ། །
གཉིས་པ་དེའི་ཡན་ལག་གཅོད་ཡུལ་གྱི་རིང་ལུགས་བཤད་པ་ལ་གཉིས། བཀའ་སྲོལ་ངོས་བཟུང་བ། བརྒྱུད་ཚུལ་སོ་སོར་བཤད་པའོ། །དང་པོ་ནི།
ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་ནི། །
སྡུག་བསྔལ་ཞི་བྱེད་ཀྱི་ཡན་ལག་ཏུ་གཏོགས་པ་བྲམ་ཟེ་ཨརྻ་དེ་བ་དང་མངའ་བདག་མཻ་ཏྲི་པ་སོགས་ཀྱི་དགོངས་པ། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ། འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་པོ་སེམས་ཀྱི་སྙེམས་རྟོགས་ངར་འཛིན་ཁོ་ནའི་སྟེང་དུ་གཅོད་པར་བྱེད་པ། དེའང་ཤིང་གཅོད་ཡུལ་ས་ལ་ངོས་འཛིན་དགོས་པ་ལྟར་སྙེམས་རྟོགས་ཀྱི་བདུད་གཅོད་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དང་འབྲེལ་བའི་ཟབ་མོའི་གདམས་པའོ། །
གཉིས་པ་ལ་གཉིས། ཕོ་གཅོད་མོ་གཅོད་དོ། །དང་པོ་ནི།
དམ་པས་སྐྱོ་དང་སྨ་ར་སེར་པོ་ལ། །གདམས་ངག་བྲུལ་ཚོ་དྲུག་གནང་ཕོ་གཅོད་དང་། །
ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་ཤཱཀྱ་ཡེ་ཤེས་དང་ཡར་ཀླུངས་སྨ་ར་སེར་པོ་ལ་མདོ་ལུགས་རང་རྐང་གི་གཅོད་ཨཱརྻ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་གྲུལ་ཚོ་དྲུག་པ་ཞེས་བྱ་བ་ལ་གནང་། སྐྱོས་རང་གི་དབོན་བསོད་ནམས་བླ་མ། དེས་ལབ་སྒྲོོན་ལ་བྲུལ་ཚོ་བཞི་གནང་བར་གྲགས། སྨ་ར་སེར་པོས་ཉེ་གནས་སྤྱོན་པ་བེ་རེ་ལ་གནང་། དེ་ལས་བརྒྱུད་དེ་རོག་ཤེས་རབ་འོད་དང་མཁས་གྲུབ་གཞོན་ནུ་གྲུབ་སོགས་ལས་འཕེལ་བ་ནི་ཕོ་གཅོད་དུ་གྲགས་པའོ།
གཉིས་པ་ནི།
ཤེར་ཕྱིན་དགོངས་དོན་མ་ཅིག་རྟོགས་པའི་ཆོས། །ཕོ་གཅོད་ཉིད་དེ་ཕ་མ་གཉིས་མེད་དང་། །
མཁའ་འགྲོ་ཉམས་ཀྱི་བཀའ་བབས་བུ་བཅུ་དྲུག །
དམ་པ་བོད་དུ་བྱོན་པའི་རྗེས་སུ་མཁའ་འགྲོ་ཆོ་འཕྲུལ་བྱ་ནག་བཞི་འཕུར་ཞིང་འོང་བ་གཟིགས་པ་ལས། གཡེའི་ལབ་སྒྲོན། གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ་གཙང་གི་ཞང་མོ་རྒྱལ་མཐིང་། ལྷ་སའི་སྨྱོན་མ་སྟེ་མཁའ་འགྲོ་མ་བཞིར་གྱུར་པ་ལས། ལབ་སྒྲོན་ནི་ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱིས་རྣལ་འབྱོར་མར་གྱུར། ཤེར་ཕྱིན་གྱི་དགོངས་དོན་མ་གཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་རྟོགས་ཆོས་གཅོད་ཡུལ་ཞེས་ཡོངས་སུ་གྲགས་པའི་ལམ་སྲོལ་རྒྱ་ཆེན་པོ་ཕྱེས་ཏེ་གཞུང་གདམས་ངག་བསམ་གྱིས་མི་ཁྱབ་པ་མཛད་པ་ལས། བཀའ་ཚོམ་ཆེན་མོ། ཡང་ཚོམ་ལེའུ་ཉེར་ལྔ་པ། ཐུན་མོང་ཐུན་མིན་ཁྱད་པར་གྱི་ལེའུ་ཡན་ལག་བརྒྱད་གསུམ་ཉེར་བཞི་པ་སོགས་ད་ལྟའང་རྒྱུན་བཞུགས་པའི་འདི་ནི་མོ་གཅོད་ཅེས་བྱ་བ་ཡིན་ཏེ། དེལའང་ཕ་རྒྱུད་ཐབས། མ་རྒྱུད་ཤེས་རབ། གཉིས་མེད་དོན། མཁའ་འགྲོ་ཉམས་ཀྱི་བརྒྱུད་དང་བཀའ་བབས་བཞི་བཞིར་དབྱེ་བའམ། ཡང་ན་དབོན་སྲས་རྒྱལ་བ་དོན་གྲུབ། བརྒྱུད་འཛིན་སྟོང་སྡེའི་ངག་གི་དབང་ཕྱུག །ཐུགས་སྲས་གྲོལ་སྡེ་རྒྱལ་བའི་འབྱུང་གནས། ཁུ་སྒོམ་ཆོས་སེང་སྟེ་ཐུགས་སྲས་བཞི། འབྲོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་ཏེ་སྲས་མོ་བཞི། སྐྱེ་མེད་དགའ་ཡན། ཕོ་སྨྱོན་སེང་གེ །སྨྱོན་པ་རང་སྣང་། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། སྐལ་ལྡན་སེང་གེ །རྒྱ་སྒོམ་ཧར་ཐོན། རྗེ་བཙུན་ཟིལ་གནོན་ཏེ་རང་དང་མཉམ་པ་བརྒྱད། དེ་དག་བསྡམས་པས་ཞལ་སློབ་བུ་ཆེན་བཅུ་དྲུག་གཙོ་བོར་གྱུར་པའི་གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་ལ་སོགས་པ་སློབ་ཚོགས་མང་པོས་བོད་ཁམས་གང་བར་གྱུར་པ་ལས་མདོའི་བརྒྱུད་འཛིན་སྲས་གླང་ལུང་པ་རྒྱལ་བ་དོན་གྲུབ་ཀྱི་སྲས་ཆེ་བ་ཚེ་དབང་ལ་སྲས་གསུམ་བྱུང་བའི་འབྲིང་པོ་སྔགས་ཀྱི་བརྒྱུད་འཛིན་ཐོན་སྨྱོན་བསམ་འགྲུབ་ཏུ་གྲགས་པ་འགྲན་ཟླ་མེད་པའི་གྲུབ་ཐོབ་དེ་ལ་སློབ་མ་ཕོ་མོ་ཉི་ཤུ་རྩ་གཅིག །སྲས་མོ་གྲུབ་ཐོབ་བཅོ་བརྒྱད་བྱོན་ཅིང་། འདི་ནས་བརྩམས་ཏེ་གངས་པ་ཞེས་པའི་གཅོད་བརྒྱུད་ཁྱད་པར་ཅན་བྱོན། ཡང་ཟུང་འཇུག་གི་བརྒྱུད་འཛིན་ཁུ་སྒོམ་ཆོས་ཀྱི་སེང་གེ་ལས། འགྲོ་མགོན་སངས་རྒྱས་སྟོན་པ་དང་གཞོན་ནུ་གྲུབ་ཀྱི་བར་གྲུབ་ཐོབ་ཁོ་ནར་བརྒྱུད། དེ་ནས་བརྒྱུད་སྲོལ་མང་དུ་འཕེལ་ཏེ་རྗེ་རང་བྱུང་རྡོ་རྗེས་ཀྱང་གནམ་མཚོ་བ་མི་བསྐྱོད་རྡོ་རྗེ་ལས་གསན་ཅིང་ཡིག་ཆ་མཛད། དེའི་རྒྱུན་ལས་རུ་པའི་གཅོད་བརྒྱུད་རྣམས་དང་། ཕྱིས་སུ་ཟུར་མང་། དེ་ལས་ཀྱང་གནས་མདོ་དང་རྗེ་བཙུན་སྐྱ་སེ་རྟོགས་ལྡན་ལས་སྐྱབས་ཆེའི་གཅོད་རྒྱུན་ཟུར་དུ་བྱུང་བའི་མཚོན་བརྒྱུད་པ་སོ་སོ་ལས་མཐའ་ཡས་པ་འཕེལ་ལོ། །
སྲས་མོའི་རིང་བརྒྱུད་རྒྱལ་ཐང་ཉེ་བརྒྱུད་ལུགས། །ཀུན་སྤངས་བརྩོན་སེང་ལ་འདུས་གཏེར་གཅོད་སོགས། །
ཕྲིན་ལས་ངོ་མཚར་རྒྱ་ཆེ་རྒྱུན་ཆགས་སོ། །
གཞན་ཡང་མ་ཅིག་སྲས་མོ་ལ་ལྕམ་ལས་རིམ་པར་བརྒྱུད་པའི་རིང་བརྒྱུད་དང་། རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱིས་ཞི་གཅོད་དྲག་གཅོད་ཞི་དྲག་འདྲེས་མའི་རིང་བརྒྱུད་རྣམས་གསན་ཅིང་གཉན་ཁྲོད་བརྒྱ་རྩ་འགྲིམས་པས་གཙང་སྟོད་འོ་ཅོ་ལྷ་རྩེར་མ་ཅིག་དངོས་དང་མཇལ་ཞིང་བྱིན་གྱིས་བརླབས་པས་ཟབ་དོན་ཐུགས་ཀྱི་སྙིང་པོ་ཡི་གེར་བཀོད་པ་ཉེ་བརྒྱུད་རྒྱལ་ཐང་ལུགས་སུ་གྲགས་པ་དང་། སློབ་མ་རྣམས་ལ་མ་སྤེལ་བར་ཟབ་ཆོས་དུ་མ་གཏེར་དུ་སྦས་པ་ཕྱིས་ཁུ་སྒོམ་སྐྱེ་བ་ཀུན་སྤངས་བརྩོན་འགྲུས་སེང་གེ་དང་། མ་ཅིག་ཉིད་ཀྱི་རྣམ་འཕྲུལ་ལ་འདུས་རྡོ་རྗེ་སྒྲོན་མ་དག་གིས་གཏེར་ནས་ཕྱུང་བའི་གཅོད་སྐོར་ཟབ་ཅིང་རྒྱ་ཆེ་བ་ལས། སྔ་མའི་རྒྱུན་རྒྱ་སྟོན་གཅོད་བརྒྱུད་ད་ལྟའང་ཟམ་མ་ཆད་པ་སོགས་གཅོད་ཡུལ་གྱི་ཕྲིན་ལས་ཀྱང་ཐབས་ཟབ་པས་ངོ་མཚར་ལ། གངས་ཅན་ཙམ་ན་ཁྱབ་པར་བརྡལ་བས་རྒྱ་ཆེ་བ་དང་། ད་ལྟའི་བར་དུ་རིས་མེད་ཀྱི་བཤེས་གཉེན་ཀུན་གྱིས་ཐུགས་ཉམས་སུ་བཞེས་ཤིང་། ཕྱི་ནང་གི་གདུལ་དཀའ་འདུལ་བ་ལ་མེད་དུ་མི་རུང་བས་རྒྱུན་ཆགས་པའོ། །སྤྱིར་བཀའ་སྲོལ་འདིའི་རང་སྐད་དུ། ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ། མཚོན་པ་དཔེ་དྲུག་གིས་ཆེ་བ་བརྗོད། ཅེས་གསུངས་ཏེ། དང་པོ་ནི། ཞུ་བ་པོའི་གང་ཟག་གིས་དབྱེ་ན་ཕོ་བརྒྱུད་མོ་བརྒྱུད་གཉིས། ངོ་བོས་དབྱེ་ན་གཞུང་ཁྲིགས་ཅན་དང་ཁ་འཐོར་གཉིས། ཡོངས་ལ་གྲགས་ཚུལ་གྱིས་དབྱེ་ན་སྔ་དར་ཕྱི་དར་གཉིས། བྱོན་ཚུལ་གྱིས་དབྱེ་ན་བཀའ་མ་གཏེར་མ་གཉིས་ཏེ་ཟུང་བཞི་ལ་ཡ་བརྒྱད་དུ་བྱུང་ངོ་། །ཁ་ཅིག་གིས་ཟུང་བརྒྱད་ལ་ཡ་བཅུ་དྲུག་ཏུའང་བཤད་དེ། ཕོ་གཅོད་དང་མོ་གཅོད། བཀའ་མ་དང་གཏེར་མ། རྒྱ་གཅོད་དང་བོད་གཅོད། མདོ་ལུགས་དང་སྔགས་ལུགས། སྲས་བརྒྱུད་དང་དོན་བརྒྱུད། གནམ་ཆོས་དང་ས་ཆོས། ཁྲིགས་ཅན་དང་ཁྲིགས་མེད། ཁ་འཐོར་དང་ལེ་ལག་གོ །དེ་ལ་དང་པོ་ནི། དམ་པ་ནས་བརྒྱུད་པ་བྲུལ་ཚོ་དྲུག་པ། ལ་བཟླ་སྐོར་གསུམ་སོགས། གཉིས་པ་མ་གཅིག་ནས་བརྒྱུད་པ་ཕག་མོའི་གཅོད་སྐོར། ཊཱིཀ་ཆེ་ཆུང་སོགས། གསུམ་པ་ཡུམ་ཆེན་མོ་དང་བསྟན་པའི་གཙོ་བོ་ནས་ཟམ་མ་ཆད་པར་བྱོན་པ། བཞི་པ་དམ་པས་བྱ་རྒོད་ཕུང་པོའི་རི་ནས་སྤྱན་དྲངས་པ་ཨུ་དུམ་ཝ་ར། འབྲས་སྤུངས་མཆོད་རྟེན་ནས་སྤྱན་དྲངས་པ་ཕྱག་རྒྱ་ཆེ་གཅོད་ལ་སོགས་པ་དང་། ཁྲོས་མས་སྦས་པ་མ་ཅིག་གིས་བཏོན་པ་དང་། མ་ཅིག་གིས་སྦས་པ་བརྒྱུད་འཛིན་རྣམས་ཀྱིས་བཏོན་པ། ལྔ་པ་ནི་ཨཱརྻ་དེ་བའི་རྒྱ་གཞུང་ཆེ་ཆུང་། ཏེ་ལོ་པའི་རོ་སྙོམས་གཟེར་ལྔ། ནཱ་རོའི་གསང་སྤྱོད་ལ་སོགས་པ། དྲུག་པ་བོད་དུ་བྱུང་བའི་གཅོད་སྐོར། བདུན་པ་ཆོས་ཚན་སུམ་ཅུ་ལ་སོགས་པ། བརྒྱད་པ་སྒྲོལ་མའི་རྒྱུད་བཞི་ལ་བརྟེན་པའི་དབང་དང་བསྐྱེད་རྫོགས་ལ་སོགས་པ། དགུ་པ་རྒྱལ་བ་དོན་གྲུབ། ཐོད་སྨྱོན། ཁམ་བུ་ཡ་ལེ། རྒྱན་ནེ་བཞི་ལས་བརྒྱུད་པ་བཅུ་པ་ཁུ་སྒོམ་ལས་བརྒྱུད་པ། བཅུ་གཅིག་ཐོག་སེར་གཟའ་སྲུང་གི་རིགས། བཅུ་གཉིས་ས་དཔྱད་ཀླུ་གཉན་ས་བདག་གི་གཅོད། བཅུ་གསུམ་པ་ཟབ་དོན་ཐུགས་སྙིང་ལྟ་བུ། བཅུ་བཞི་བརྒྱ་མདུད་མ་དང་། ཚིག་གསལ་གྱིས་མཚོན་ཁྲིགས་སུ་མ་བསྡེབས་པ། བཅོ་ལྔ་པ་དམིགས་འབུམ་ཐོར་བུའི་རིགས། བཅུ་དྲུག་པ་ནི་རྩ་བ་གཅིག་ཡན་ལག་གསུམ་ཐུན་མོང་ཐུན་མིན་ཁྱད་པར་གྱི་ལེ་ལག་ཉམས་ཀྱི་བརྒྱུད་པ་རྣམས་ཏེ། དེ་དག་ནང་ཚན་སོ་སོའི་ཆོས་བཀའ་དང་མན་ངག་གི་མཐའ་ཡས་པ་ཞིག་གོ །མཚོན་པ་དཔེ་དྲུག་ནི། གཅོད་འདི་གངས་དཀར་དང་འདྲ་སྟེ་གངས་ལ་ཁ་བ་བབ་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན་དུ། གཅོད་མཁན་རྣལ་འབྱོར་པ་ལ་ཐོས་པས་ཤེས་རབ་ཡོད་ཀྱང་ལེགས་ལ་མེད་ཀྱང་ཆོག་པའོ། །སེང་གེ་དང་འདྲ་སྟེ་དེས་མང་པོ་ཟིལ་གྱིས་གནོན་ལ་གཅིག་པུར་ཉམ་ང་མེད་པ་བཞིན། གཅོད་བྱེད་པ་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཀྱང་ཆོག་པའོ། །རྔ་བོ་ཆེའི་སྐད་དང་འདྲ་སྟེ་རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་བཞིན་འདི་ལ་དགེ་སྦྱོར་གྱི་གྲོགས་གཞན་ཡོད་མེད་ཀྱང་ཁྱད་མེད་པའོ། །དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་མཚམས་པར་འབྱུང་བ་བཞིན་ལུགས་འདིར་གང་ཟག་གི་བློ་ཚོད་དང་མཚམས་པར་བསླབ་ཏུ་ཡོད་པའོ། །གསེར་གཡུ་ཆག་པའི་དུམ་བུ་དང་འདྲ་སྟེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ནའང་དེ་དང་མཚམས་པའི་རིན་ཐང་ཡོད་པ་བཞིན་གཅོད་སྐོར་རྒྱ་ཆེན་ཤེས་ན་ཡོན་ཏན་དཔག་ཏུ་མེད་ལ་ཅུང་ཟད་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པའོ། །རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ཁྱད་པར་མེད་པ་བཞིན། གཅོད་ཡུལ་མཐར་ཕྱིན་པའི་གང་ཟག་དེ་མཆོག་དམན་གང་ཡིན་ཀྱང་གཞན་ལས་བྱིན་རླབས་ཆེ་བར་གསུངས་སོ། །
ཤེས་བྱ་ཀུན་ཁྱབ་ལས་སོ། །


